མ་གཅིག་ལབ་ཀྱི་སྒྲོན་མའི་ལུང་བསྟན། ཅིས་མ་བདེན། བླ་མ་མཁྱེན།
གཙུག་ལག་ཁང་དང་སྡེ་གནས་རྣམས་ལ་འཐབ་ར་བསྐོར་ནས་དགོན་པར་དམག་ར་བཟུང་བ་འོང་། མ་ཉེས་པའི་སེམས་ཅན་བསད་ནས་ཤ་ཁྲག་གིས་དཀོན་མཆོག་མཆོད་པ་འོང་། རྫུན་མ་དང་ཁྲམ་པ་ནི་དགྲའི་ཡུལ་དུ་ཕྱིན་ཀྱང་ཟས་སྟེར་ཅིང་མགོ་ཐོན་ལ། བདེན་སྤྱོད་ཅན་དང་ཉམ་ཆུང་ནི་རང་ཁྱིམ་དུ་འདུག་ཀྱང་གཉེན་གྱིས་ཀྱང་ཆོམ་པོ་བྱེད་པ་འོང་། ཆོས་སྙིང་ནས་བསྒྲུབ་པའི་དམ་པ་དང་། བདེན་སྤྱོད་ཅན་དང་ཉམ་ཆུང་མགོ་དམའ་བའི་དུས་ཡིན།
ནོར་མཐོང་ན་གཅན་གཟན་གཏུམ་པོའི་ཚང་དུའང་མཆོངས། ཟས་མཐོང་ན་གཉེན་རྗེའི་ཕོ་བྲང་ནི་ཡིན་ཀྱང་འཇུག སྐོམ་མཐོང་ན་དུག་ཆུ་ཡང་འཐུང་། གོས་ལ་རེ་བ་ནག་པོ་གྱོན། མགོ་ལ་སྒྲ་འབོལ་ནག་པོ་ཁུར། རྐང་ལ་བདུད་ཀྱི་ཀོ་ལྷམ་ནག་པོ་དཀྲིས། ལུས་ལ་མཚོན་ཆ་སྣ་ཚོགས་ཐོགས། ལོངས་སྤྱོད་ཤ་དང་ཁྲག་ལ་བྱེད། ལས་སྤྱོད་མི་དགེའི་སྡིག་སྤྱོད་སྣ་ཚོགས་པ་ལ་བྱེད།
ཟས་དང་ནོར་ཡོད་ན་དགྲ་བོ་དང་དུག་གི་སྡོང་པོ་ཡིན་ཀྱང་འཛེག་འཕྲད་བྱེད། ཟས་ནོར་མེད་ན་ཕ་མ་སྨན་གྱི་སྡོང་པོ་ཡིན་ཀྱང་རིང་དུ་དོར་ཞིང་སྤང་བར་བྱེད། ཇི་ལྟར་མཛའ་ཞིང་མཐུན་པ་ཡང་ཟས་ནོར་མེད་ན་རྐྱང་དུ་དོར་བར་བྱེད། ཇི་ལྟར་སྡང་བའི་དགྲ་ཡང་འབྱོར་པ་ལྡན་ན་གསར་དུ་འགྲོགས་ལ་བརྩོན་པར་བྱེད།
རི་དྭགས་ལ་ཁྱི་འགྱེད། རི་ལ་མེ་འགྱེད། བྲག་བཤིག་ནས་ས་བདག་དང་འདྲེས་པར་བྱེད། བརྐུ་སྡིག་རྫུན་གསུམ་གྱིས་ཁྲེལ་ཁུར་བ་འགའ་ཞིག་གིས་དཀོན་མཆོག་གསུམ་དཔང་པོར་བཙུགས་ནས་མནའ་ཟ་བར་བྱེད་པ་འོང་།
དེའི་དུས་ཀྱི་མི་རྣམས་ནི་ཤེས་རབ་ཆུང་། བླ་རྣོ། དྲན་པ་རག རྩེད་མོ་མང་། བློ་གསལ་ཞིང་རིག་བྱེད་ཕལ་པ་སློབ་མི་དགོས་པར་རང་བཞིན་གྱིས་ཤེས་ཏེ་འོང་།ཚེ་ཐུང་། ལོངས་སྤྱོད་ཉུང་། ཉོན་མོངས་ཆེ། རྣམ་རྟོག་རགས། འཛིན་པ་དམ། ཁ་གསག་མཁས། རྣམ་འགྱུར་མང་། ལུས་རགས། ཁ་མིག་ཤིན་ཏུ་སྒྲེ། བོང་ཆུང་། ལས་སུ་སྡིག་པ་ཁོ་ན་སྤྱོད།
ཞག་གཅིག་འགྲོགས་ན་འདྲིས། ཟླ་གཅིག་འགྲོགས་ན་འདྲེས། ལོ་གཅིག་འགྲོགས་ན་ཕན་ཚུན་དགྲ་རུ་ལང་། འཕྲད་སྔ་བ་བཞིན་དུ་འདོར། གསར་དུ་འགྲོགས་པ་ལ་དགའ་ཞིང་མྱུར་དུ་འཁོན།
མི་ཤེས་དགུ་ཤེས། མི་དྲན་དགུ་དྲན། མི་བསམ་དགུ་བསམ། མི་བྱེད་དགུ་བྱེད། བཏང་སར་མི་འགྲོ། བཞག་སར་མི་སྡོད། ་མི་སྲིད་པའི་ལས་དང་སྤྱོད་པ་སྣ་ཚོགས་པ་བྱེད། མི་ཤེས་པའི་གཏམ་ངན་གྱིས་ཡུལ་ཐམས་ཅད་ཁྱབ་པར་བྱེད། ཅི་ཉེ་བ་བཞིན་དུ་ཕན་ཚུན་དམེ་འཁྲུག་དང་སྡེ་འཁྲུག་རྣམས་བྱེད་ཅིང་། མཚོན་གྱི་བསྐལ་པ་དར་བ་འོང་། རྟ་ལ་བསྟོད་བཀུར་བྱེད་ཅིང་། དམག་འཁྲུག་དང་ཇག་རྒྱུ་དང་། མི་བདེ་ཞིང་མི་དགེ་བའི་ལས་ཐམས་ཅད་རྟ་རྨིག་གིས་ཞབས་ནས་བཏང་དགོས་པས། རྟ་ལ་རྩིས་སུ་བྱས་ན་ཐམས་ཅད་མི་བདེ་འུར་ཅིང་འོང་བ་ཡིན། དེའི་དུས་སུ་རྒྱལ་པོ་བས་བློན་པོ་དབང་ཆེ། རྒན་པོ་བས་གཞོན་ནུ་དབང་ཆེ། ཕ་བས་བུ་དབང་ཆེ། སྐྱེས་པ་བས་བུད་མེད་དབང་ཆེ། ཡུལ་ཐམས་ཅད་བུད་མེད་ཀྱི་གཡོ་ཆེ་ཞིང་བུད་མེད་མགོ་མཐོ་ནས། བན་དེ་དང་བུད་མེད་གཉིས་ཀྱི་འཁྲུག་གཞི་བཟུང་ནས་ཐམས་ཅད་གྱོད་རྩ་དང་ཕུང་བའི་འདྲེ་ཆེན་པོ་བྱེད་པར་འབྱུང་ངོ་། དེའི་དུས་སུ་རྒྱལ་ཁྲིམས་གསེར་གྱི་ཐག་པ་ཆད་ནས། རྒྱལ་ཁྲིམས་ཞིག་ཏུ་སོང་ཞིང་། འཇིག་རྟེན་ཀུན་ན་གྲོག་མའི་གྲོང་ཁྱེར་གྱིས་རྡོ་ལེབ་བཀྱག་པ་བཞིན་དུ་འུང་ཟིང་གྱི་སོང་བ་ཡིན་པ་རྣམས་ནི་རྒྱལ་ཁྲིམས་འཆུག་པ་ཡིན། ལོག་ལྟའི་བདུད་ཀྱི་ཁ་འཕྱུར་བ་དང་། སངས་རྒྱས་ཀྱི་བསྟན་པའི་ཐ་མ་ལ་བབ་པ་དང་། སྙིགས་མ་བདོ་བ་དང་། དེ་རྣམས་ཀྱི་རྟགས་ནི་དེ་ལྟར་བཤད་པ་དེ་རྣམས་ཡིན། རྒྱས་པར་བཤད་པའི་ཚོད་མ་མཆིས། དེ་འདྲའི་ལས་སྤྱོད་མཐོང་ན་སྤྲང་མོ་ང་ཡི་གློ་སྙིང་འདར། ཡིད་སེམས་འཁྲུག་པའི་མཆི་མ་འབྱུང་།། སྣང་བ་གཡོ་ཞིང་ཡ་རེ་ང་།། བ་སྤུ་གཟིང་ཞིང་ལུས་ཀྱང་སྦྲིད།། དེ་བས་བཤད་པའི་ཡིད་སེམས་རྨོངས།། ཅུང་ཟད་བཤད་པའི་ཚིག་རྒྱུད་རྣམས།། མ་བརྗེད་ཡིད་ལ་འཇོག་པར་གྱིས།། མ་བཤད་སྙིང་གི་དཀྱིལ་དུ་སྦོས་ཤིག་ཨང་།